Monday, March 14, 2011

ཨ་འབྲུག་དཔའ་བོའི་གད་རྒྱངས།

ཨ་འབྲུག་དཔའ་བོའི་གད་རྒྱངས།
བོད་གསོན་པོར་གནས་པ་དེ་ཁྱོད་ཀྱི་སྐུ་དྲིན་ཡིན། བེ་རི་དཔལ་ལྡན་རྣམ་རྒྱལ།
མདུན་ལྗོངས་སྒྱུ་མའི་ལྟད་མོ་མ་གཏོགས་རྒྱབ་ལྗོངས་གནས་ལུགས་མི་ཤེས་པའི།།
སྤྱི་ཚོགས་རལ་པོ་ཆུང་ཆུང་འདིའི་ནང་དྲང་བདེན་སྒྲོག་ས་མེད་ན་ཡང་།།
ལོ་རྒྱུས་རྙིང་མའི་ཡིག་ཚང་ནང་ནས་བདེན་པའི་རང་མདངས་འཚེར་བ་ཡི།།
བསྟན་སྲུང་དཔའ་བོའི་མཛད་རྗེས་དྲན་དུས་སེམས་ཀྱི་སྤོབས་པ་སླར་ཡང་འབར།།

མགོ་བོ་མཁྲེགས་པོ་གཟན་གྱིས་བཏུམས་ཏེ་ཡིག་ཚང་རྙིང་པའི་བང་མཛོད་བསྔོགས།།
ཨིན་བོད་ལོ་རྒྱུས་དེབ་ཐེར་ཀུན་ནས་ཨ་འབྲུག་དཔའ་བོའི་མཚན་སྙན་གསལ།།
ཁ་ཆར་བུ་ཡུག་འཚུབ་པའི་སྲུབ་ནས་ངེས་དོན་དཔའ་བོའི་རྐང་རྗེས་འབུམ།།
གངས་དཀར་རི་བོའི་སུལ་དུ་སྤར་བ་ནམ་ཡང་ཟུབ་ཏུ་ཡོད་མ་ཡིན།།

ཕྱི་དང་ནང་གི་རླུང་འཚུབ་ཅིག་གིས་གངས་དཀར་རི་བོ་སྤུར་བའི་སྐབས།།
ཀོང་པོ་ཉིང་ཁྲིར་ལྟེ་ཁྲག་འཕོས་པའི་ཨུ་བྷེ་དཔའ་བོའི་རྗེས་བསྙེགས་པའི།།
རལ་གྲི་ཁ་སྤྲོད་དམག་དར་འོག་ནས་ལ་རྒྱའི་དཔུང་པ་ཕྱིར་ངོམས་ཏེ།།
དགྲ་དམག་སྟོང་གི་སྲོག་རྩ་བཅད་པའི་དཔའ་བོའི་ཕོ་ཤེད་དོན་ལ་གནས།།

ལྷགས་རླུང་འཚུབ་མའི་ཡོ་ལང་འོག་ནས་ལོ་ཟླའི་ཕྲེང་བ་འཁོར་བའི་མཚམས།།
གང་ཁྱོད་གཤེགས་པའི་ཤུལ་ལམ་དེད་ནས་ཐལ་རྡུལ་ཆག་པའི་དེབ་ཐེར་མཇལ།།
དེབ་ཐེར་དམར་པོའི་ཁོག་པའི་སྦུབས་ནས་དཔའ་བོའི་གཟི་འོད་ལྷམ་མེར་འབར།།
དཔའ་བོ་ཁྱོད་ཉིད་སེམས་སུ་དྲན་ནས་རྗེས་དྲན་ཞུ་འབོད་འདི་ཐལ་སོང་།།

དེང་གི་དུས་སུ་མི་བུ་ཕལ་ཆེར་རི་གཟར་ངོས་སུ་གཡང་རྒྱུགས་རྩེན།།
དྲིན་ལ་དྲིན་དུ་ཤེས་མཁན་མེད་ཅིང་དེ་ལ་དགྲ་ཡི་འདུ་ཤེས་འཛིན།།
གངས་ཅན་བོད་ལ་སྲོག་དབུགས་སྦྱིན་པའི་བོད་ཀྱི་དཔའ་བོ་ཁྱོད་རྣམས་ལ།།
སྙིང་གི་མཐིལ་ནས་རྗེས་དྲན་ཞུ་མཁན་ཁོ་བོ་ཅག་ལས་མེད་འདི་སྐྱོ།།

ནམ་མཁའི་ལྷ་ལ་ཡེ་ཤེས་མེད་ཀྱང་སྤྱན་རས་གསལ་ཙམ་ཡོད་གྱུར་ན།།
བསྟན་སྲུང་ཚོགས་ལ་རྟོགས་པ་མེད་ཀྱང་ཐུགས་རིས་དྭངས་ཙམ་ཡོད་གྱུར་ན།།
བོད་ཀྱི་དཔའ་བོས་རང་སྲོག་བཏང་ནས་མཛད་རྗེས་གངས་ལ་བཞག་པ་དེར།།
མགོ་ནག་མི་ཡིས་བརྙས་ཤིང་སྤྱོས་ཀྱང་གང་ཁྱོད་ཐུགས་ལས་མ་བོར་ཅིག།།

ཁྱེད་ལ་དགའ་བའི་བུ་རྒོད་དག་གིས་དེ་རིང་ཁྱེད་ལ་རྗེས་དྲན་ཞུ།།
བོད་ལ་དུང་བའི་གཞོན་སྐྱེས་རྣམས་ཀྱིས་དེ་རིང་ཁྱེད་ལ་གུས་འདུད་ཞུ།།
རྩ་ལོས་བཏུམ་པའི་དུར་སའི་མཁྲིས་ནས་གང་ཁྱོད་དྲན་པའི་གདུང་འབོད་ཤོར།།
བོད་འདི་ཆག་འཇིག་མ་སོང་བར་དུ་གང་ཁྱེད་རྗེས་དྲན་ཞུ་ངེས་ཡིན།།
༧སྐྱབས་མགོན་༧རྒྱལ་བའི་དབང་པོ་འཕགས་ཡུལ་དུ་ཞབས་ཞུས་མཚོན་པའི་བོད་བསྟན་སྲིད་གནས་ཀའི་ཐད་མཛད་རྗེས་ལྷག་པར་ཆེ་བའི་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླང་དམག་གི་གཙོ་འཛིན་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་རྗེས་དྲན་དུ། མདོ་སྨད་ས་ཡི་ཐིག་ལེ་ཤར་ཏྲེ་ཧོར་ཡུལ་དུ་སྐྱེས་པ། བེ་རི་དཔལ་ལྡན་རྣམ་རྒྱལ་གྱིས། ༢༠༡༡།༢།༢༠། ཉིན་བློ་གསལ་གླིང་དཔེ་མཛོད་ཁང་ནས་ཤར་མར་སྤེལ།

No comments:

Post a Comment