Sunday, March 6, 2011

ལོ་གསར་པའི་དགའ་སྟོན་དང་འཇིགས་སྣང་།

ལོ་གསར་པའི་དགའ་སྟོན་དང་འཇིགས་སྣང་།
དབང་ཆེན་རྟེན་འབྲེལ་རྒྱལ་མོའི་བཀའ་ལུང་འོག།།
ཞག་དང་ཟླ་བའི་འཁོར་ལོ་བསྐོར་ཤུགས་ཀྱིས།།
ལོ་ཡི་རི་མོ་ཐོད་དུ་བབ་པ་ན།།
དགའ་བའི་འཛུམ་གྱིས་བསུ་ལས་ཐབས་ཅི་ཞིག།།

སྒྱུ་མའི་བསླུ་བྲིད་རྒོད་པའི་འདུ་འཛིའི་འོག།།
དུས་ཚོད་དུས་ཀྱིས་ཟས་ཀྱིས་ཕངས་སེམས་དང་།།
དུས་ཆེན་དུས་ཀྱིས་བསུ་བའི་དགའ་སྣང་ཁྲོད།།
གྲྭ་རྐྱང་སེམས་པ་གཅིག་ཏུ་གནས་མ་ཐུབ།།

ལག་གིས་བྲིས་པའི་དཀར་ནག་རི་མོ་འབུམ།།
འཁྱར་འཁྱོར་རྐང་གིས་བསུབ་པའི་ཕངས་སེམས་ཀྱིས།།
སྙིང་གི་འཕར་སྒྲ་སྙིམ་པས་མ་ཁོག་ནས།།
གདུང་འབོད་འདི་ཀོ་ཕྱི་རུ་ཤོར་ནས་ཐལ།།

རྒྱ་བོད་གཞུང་ཆེན་དུ་མའི་སྦུགས་མཛོད་ནང།།
མི་རྟག་སྒྱུ་མའི་ངང་ཚུལ་འཛུམ་པ་ལས།།
འདིར་སྣང་ཀུན་རྫོབ་སྒྱུ་མའི་བསླུ་བྲིད་ལ།།
ཞེ་བློ་གཏིང་ནས་མུག་པར་གྱུར་ན་ཡང་།།

ཨོ་ཤོ་མཁས་པའི་ལྟ་གྲུབ་དེབ་ཐེར་ན།།
མི་རྟག་ཁེ་ཕན་གསུང་པའི་ལེགས་བཤད་འདིས།།༼མི་རྟག་པ་ཡིན་པས་སྐད་ཅིག་རེ་རེ་ནས་རང་ཉིད་མི་གསར་པ་ཞིག་བྱེད་པའི་དུས་སྐབས་ཡོད།༽
འདས་དོན་བསྐྱར་ལོག་ཐུབ་པ་མི་འདུག་ཀྱང་།།
མ་འོངས་རེ་ཞགས་འཆིང་བའི་སྙིང་སྟོབས་སྟེར།།

ཞག་དང་ཟླ་བའི་བང་གྱི་འགྲན་བསྡུར་ཁྲོད།།
ལོ་ཡི་འཁོར་ལོ་ཡུད་ཀྱིས་འཁོར་བ་ལས།།
ཕྱིར་བལྟས་སློག་ན་ཡོད་ཚད་སྟོང་ལྷང་ལྷང་།།
མདུན་དུ་བལྟ་ན་ཐམས་ཅད་ནག་ལྷག་ལྷག །

དེང་རབས་ཤོག་སྦག་འགད་པའི་སྐད་སྒྲ་དང་།།
དཀར་དམར་ཚོན་མདོག་སྤྲ་བའི་འཕྲུལ་སྣང་གིས།།
སྐྱིད་པའི་སྣང་ལ་དགུང་ལ་བཏེགས་པ་ཡི།།
བྱིས་པ་འདི་ཚོ་ཡིན་ན་སྐྱིད་པ་ལ།།

བེ་རི་སྨྱོན་པའི་མགོ་སྐོར་བསླུ་བྲིད་འོག།།
དེབ་སྨྱུག་གྲོགས་སུ་བསྟེན་པའི་བརྟུལ་ཞུགས་འདིས།།
གཞོན་སྐྱེས་ཡིན་ཡང་གཞོན་པའི་འདུ་ཤེས་འཕྲོག།།
བདེ་སྐྱིད་འདོད་ཀྱང་བདེ་བར་རོལ་སྐལ་བྲལ།།


ཕྱོགས་བཞི་དེབ་ཀྱིས་བསྐོར་བའི་དཔེ་མཛོད་ནང་།།
ཤོག་ཉོག་འགའ་ཤས་མིག་སྔར་སྦྱར་བྱས་ནས།།
ལོ་གསར་དུས་ཆེན་ཆུད་ཟོས་གཏོང་བྱེད་ན།།
གཞོན་ནུ་ཞིག་གི་བྱེད་སྟངས་ཨེ་ཡིན་སྙམ།།

འཇུ་ན་མི་གཏོང་བ་ཡི་རང་གཤིས་འདིས།།
མགོ་བོ་ས་ལ་རྡབ་ཀྱང་འགྱོད་པ་མེད།།
རྟེན་འབྲེལ་བསླུ་བ་མེད་པའི་གཤིས་ལུགས་འདིས།།
ཁོ་བོ་ཡལ་བར་བོར་ན་བདེན་པ་མིན།།

༢༠༡༡།༣།༥།ཉིན་བོད་རྒྱལ་ལོ་༢༡༣༨ལྕགས་ཡོས་ལོའི་ལོ་གསར་ཚེས་གཅིག་ཉིན་བློ་གསལ་གླིང་དཔེ་མཛོད་ཁང་ནས་གཅིག་པུར་བྲིས།།

No comments:

Post a Comment